རྒྱུན་ཤེས།

གཟའ་ཟླ་བའི་ཉིན་ཧྥ་རན་སི་ཁྲིམས་ཁང་གིས་སྒོ་ཁྱི་ཞིག་ཁྲིམས་རྭར་སྐད་བཏང་སྟེ་ཁྱིམ་བདག་གསོད་མཁན་གྱི་ལག་དམར་སུ་ཡིན་ངོས་འཛིན་བྱེད་བཅུག་ཡོད་འདུག
ཟླ་འདིའི་ཚེས་ ༧ ཉིན་ཧྥ་རན་སིའི་ཌོར་ (Tour) གྲོང་ཁྱེར་ཁྲིམས་ཁང་གིས། ལོ་ ༩ ཙམ་ཡིན་ཞིང་མིང་ལ་ཌན་གྷོ་ (Tango) ཟེར་བའི་སྒོ་ཁྱི་ཁྲ་ཁྲ་ཞིག་ཁྲིམས་རྭའི་ནང་འཁྲིད་ཡོང་སྟེ། ཁྱིམ་བདག་གསོད་མཁན་ལག་དམར་སུ་ཡིན་ངོས་འཛིན་བྱེད་བཅུག་ཡོད་འདུག་ལ། ཉིན་དེའི་ཁྲིམས་རྭ་ཚོགས་སྐབས་ཁྲིམས་དཔོན་གྱིས་ལག་དམར་རྩད་གཅོད་ཆེད་དོགས་མི་སྣ་རེ་རེ་བཞིན་སྐད་བཏང་སྟེ། སྒོ་ཁྱི་ཌན་གྷོས་ཡ་ལན་གང་འདྲ་སློག་མིན་ཞིབ་འཇུག་བྱས་ཡོད་པ་དང་། དེའི་རྗེས་བཅད་ཁྲ་དྲང་པོ་དྲང་བཞག་ཡོང་ཆེད་རིགས་རུས་དང་ལོ་ཚད་མཉམ་པའི་སྒོ་ཁྱི་ནོར་མན་ (Norman) ཟེར་བ་ཞིག་ཁྲིམས་རྭར་འཁྲིད་ཡོང་ནས་སྒོ་ཁྱི་ཌན་གྷོས་དོགས་ཡོད་ཉེས་ཅན་པར་སྡང་ཟུག་དང་ཡ་ལན་ཇི་ལྟར་སློག་མིན་ལ་བལྟ་བཅུག་པ་སོགས་ཀྱིས་ལག་དམར་ངོས་འཛིན་བྱས་བཅུག་ཡོད་འདུག
དེ་བཞིན། ཁྲིམས་ཁང་གིས་གྱོད་དོན་དྲང་པོ་ཡོང་ཆེད་ཕྱུགས་རིགས་སེམས་ཁམས་ཆེད་ལས་སྨན་པ་ཁྲིམས་རྭར་སྐད་བཏང་སྟེ། སྒོ་ཁྱི་ཌན་གྷོས་དོགས་ཡོད་མི་སྣ་སུར་སྡང་ཟུག་དང་རྣམ་འགྱུར་བསྟན་མིན་ལ་ཞིབ་འཇུག་བྱས་རྗེས། ཁོང་ཚོས་དོགས་ཡོད་མི་སྣར་བཀག་ཉར་འདྲི་རྩད་བྱས་ཏེ་ལག་དམར་འཇུ་བཟུང་བྱས་ཡོད་འདུག
༢༠༠༨ ལོར་ཧྥ་རན་སིར་སྒོ་ཁྱིའི་མིང་ལ་སེ་ཁོ་བྷེ་ (Scooby) ཞེས་པ་ཞིག་ཁྲིམས་རྭར་འཁྲིད་ཡོང་སྟེ་ལོ་ ༥༩ ཙམ་ཡིན་པའི་ཁྱིམ་བདག་གསོད་མཁན་གྱི་ལག་དམར་ངོས་འཛིན་བྱས་བཅུག་ཡོད་འདུག ཐེངས་འདི་ནི་ཧྥ་རན་སིའི་ནང་སྒོ་ཁྱིས་ཁྲིམས་རྭར་ལག་དམར་ངོས་འཛིན་གནང་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

No comments:

Post a Comment